ལས་བསྡོམ།



༢༠༡༧ ཟླ་བ་ ༡༠ ཚེས་ ༢༨

ལོ་འཁོར་འདྲི་བརྩད་འགྲན་བསྡུར། 
                   
འདི་ལོ་དབྱིན་ཡིག་ཚོགས་ཆུང་གི་ཚོགས་གཙོ་རྒན་བསྟན་འཛིན་དོན་གྲུབ་ལགས་ཀྱི་སྣེ་འཁྲིད་དེས་སྤྱི་ཚོགས་རིག་གནས་ཀྱི་དགེ་རྒན་རྣམ་པའི་དཔུང་རོགས་འོག  འདི་ལོའི་ཟླ་བ་བཅུ་པའི་ཚེས་༢༨ ཉིན་ལོ་འཁོར་དྲི་བརྩད་འགྲན་བསྡུར་གོ་སྒྲིག་གནང་ཡོད་པ་ཡིན། དྲི་བརྩད་ཀྱི་ཐབས་ལམ་མི་འདྲ་བ་མ་ཟད། སྐབས་དེར་ཕྱོགས་གཅིག་ཙམ་མིན་པར་ཤེས་ཡོན་གྱི་ཟུར་ཡོད་ཚད་ནས་དྲི་བ་བསྐུར་གནང་ཡོད། དེར་སྤྱིར་བཏང་གི་དྲི་བ་དང། ཚན་རིག ཨང་རྩིས། དེང་རབས་འཕྲུལ་རིག་དང་། དེ་བཞིན་དབུས་བོད་མི་སྒྲིག་འཛུགས་ཀྱི་སྐོར་ལས་འཕྲོས་ཏེ་དྲི་བ་འདྲ་མིན་བཏང་ཡོད་པ་རེད། སྐབས་དེར་ཁྱོན་བསྡོམས་འཛུལ་ཞུགས་བ་སློབ་མ་གྲངས་༢༤ ཡོད་པ་མ་ཟད། དེ་དག་ཚང་མ་དམིགས་བསལ་གཟེངས་སུ་ཐོན་པའི་སློབ་མ་ཤ་སྟག་ཡིན།




༢༠༡༧ ཟླ་བ་ ༡༠ ཚེས་ ༡༤

བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས། 
                         
དེ་ཡང་བོད་ཡིག་ཚོགས་ཆུང་གི་ཚོགས་གཙོ་དབུ་བཞུགས་ཐོག་ཚོགས་ཆུང་གི་ཚོགས་མི་ཡོངས་ཀྱིས་གྲོས་མོལ་དང་། བསམ་འཆར་ལྷུག་པོ་བྱས་པའི་མཐའ་འབྲས་སུ། ཐོག་མར་ཟླ་ཚེས་དེ་༸རྒྱལ་བའི་བླ་གཟའ་སྟེ་རེས་གཟའ་ལྷག་པ་སྤྱི་ཟླ༡༠ ཚེས༡༨ ལྷག་དཀར་ཉིན་སྲུང་བརྩི་ཞུ་རྒྱུའི་དམིགས་དབེན་བཟུང་། མ་ཟད་ང་ཚོས་མ་འོངས་བོད་མི་རིགས་ཀྱི་ཀ་བ་ལྟ་བུའི་སློབ་མ་ཚོར་འབྲི་ཀློག་ཉན་བཤད་བཞི་ཡི་རྨང་གདན་རྩ་བ་ཡོད་པའི་སྟེང་། རང་མི་རིགས་ཀྱི་སེམས་ཁམས་དང་འབྲེལ་བའི་ལེགས་བྱང་གཞས་དང་།  རྩེད་མོ།  གྱོན་གོས་སོགས་ངོ་སྤྲོད་དང་།  སློབ་གསོ་བཟང་པོའི་ལམ་སྟོན་གྱི་ཐོག་ནས་མི་ཡུལ་ག་ཚོད་སྐྱིད་ཀྱང་། རང་ཡུལ་བརྗེད་ཐབས་མེད་པའི་དུངས་སེམས་མཚོན་ནུས་པའི་ཐོག་ནས་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་འཆར་འགོད་བྱས་པ་ཡིན།
འཛིན་རིམ་དང་པོ་ནས་དྲུག་པ་བར་བོད་དང་འབྲེལ་བའི་རྩེད་མོ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་གྱོན་ཆོས་དང་གནའ་སྔ་མོའི་རྩེད་མོའི་རིགས་སོགས་དངོས་སུ་ཚོམས་ཆེན་ནང་གཟིགས་འབུལ་ཞུས་པ་དང་། སློབ་མ་རྒན་པ་སྡེ་ཚན་ནས་འཛིན་རིམ་བདུན་པ་དང་བརྒྱད་པས་དགོད་བྲོའི་གཏམ་གླེང་དང་། འཛིན་རིམ་དགུ་པས་འབྲི་ཀློག་གི་ཤེས་ཡོན་ལས་མིའི་ཀུན་སྤྱོད་གལ་ཆེ་ཟེར་བའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བ་དང་། འཛིན་རིམ་བཅུ་པའི་དེང་རབས་ཀྱི་གཞས་དང་། སྙན་ངག་གྱེར་འདོན་ཞུས་ཏེ་སློབ་ཕྲུག་རྣམས་ལ་འབྲི་ཀློག་ཙམ་མིན་པར། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་བྱང་དང་། རིག་གཞུང་བཟང་པོའི་ཁྲག་རྒྱུན་ངོ་སྤྲོད་བྱེད་ཐུབ་པ་བྱུང་ཡོད།




༢༠༡༧ ཟླ་བ་ ༡༠ ཚེས་ ༡༤

སློབ་གྲྭའི་ལོ་འཁོར་རྒྱུགས་མཆོང་འཕེན་གསུམ་གྱི་རྩེད་འགྲན།  

རྒྱུགས་མཆོག་འཕེན་གསུམ་གྱི་རྩེད་འགྲན་འདི་ནི་སློབ་གྲྭའི་གལ་འགངས་ཆེ་ཤོས་སུ་འགྱུར་བའི་མཛད་རིམ་ཞིག་ཡིན་ལ། ལོ་ལྟར་བཞིན་འདི་ལོ་ཡང་སྔ་མོ་ནས་རྩེད་མོ་དང་རུ་སྒྲིག་རྣམས་གྲ་སྒྲིག་སྟ་གོན་གང་ལེགས་བྱས་ཏེ། སྤྱི་ཟླ་བཅུ་བའི་ཚེས་༡༤ ཉིན་དངོས་སུ་རྩེད་འགྲན་དབུ་འཛུགས་ཞུས་ཡོད། སྐབས་དེར་སྐུ་མགྲོན་གྱི་གཙོ་བོ་དབུས་མི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་ལགས་དང་ བོད་ཁྱིམ་དྲུང་ཆེ་བློ་བཟང་འཚོ་མོ་ལགས། ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་ཁྱིམ་ངེས་སྟོན་པ་དང་ སློབ་སྤྱི་བཅས་ཕེབས་ཡོད་པ་དང་། ཞོགས་པ་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཙམ་ནས་རུ་སྒྲིག་འགོ་འཛུགས་ཞུས་ཏེ། ཉིན་གང་པོར་རྩེད་འགྲན་གནང་སྟེ་མཐར་ཁང་ཚན་བཞིའི་བར་ཨང་རིམ་དང་པོ་གསོན་པ་ནི་གཉའ་ཁྲི་ཁང་ཚན་ཡིན་པ་རེད།



༢༠༡༧ ཟླ་བ་ ༩་ཚེས་ ༡༨

དབྱིན་ཡིག་ཉིན་མོ།   
 
བོད་ཁྱིམ་ཅོན་ཏ་ར་སློབ་གྲྭའི་ནང་སློབ་ཕྲུག་རྣམས་ལ།འདི་ལོ་ཡང་དབྱིན་ཡིག་སྡེ་ཙན་གྱི་ཚོགས་གཙོ་དབྱིན་དགེ་བསྟན་འཛིན་དོན་གྲུབ་ལགས་ཀྱི་སྣེ་འཁྲིད་འོག་ཕྱི་ཟླ་༩ པའི་ཚེས་ ༡༨ ཉིན་དབྱིན་ཡིག་ཉིན་མོ་སྲུང་བརྩི་ཞུས་ཡོད།   ཞོགས་པ་འདུ་འཛོམས་ཆེན་མོའི་སྐབས་ནས་མཛད་རིམ་དངོས་སུ་དབུ་འཛུགས་བྱས་བ་དང་།  སྐབས་དེར་དུས་རྒྱུན་ལྟར་མིན་པར་ཞོགས་པའ་འདུ་འཛོམས་དེ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཐང་ཆེན་ཐོག་ཚོགས་ཏེ། འཛིན་རིམ་གསུམ་པ་ནས་བཅུ་པ་བར་འཛུལ་ཞུགས་ཡོད་པའི་དབྱིན་ཇིའི་གཞས་བྱམས་སེམས་ཞེས་པ་ཞིག་དང་། ཀུན་སྤྱོད་ཀྱི་ཁྱད་པར་བཟོ་ནུས་ཟེར་བའི་སློབ་གསོ་ཤུགས་དྲག་ཡོད་པའི་གཞས་དེ་དབྱངས་དང་བཅས་བླངས་ཡོད། དེ་ནས་ཚོགས་ཁང་ནང་འཛིན་གྲྭ་དགུ་པ་དང་བཅུ་པའི་སློབ་མ་རྣམས་ཀྱིས་ཐད་བརྗོད་གཏམ་གླེང་འགྲན་བསྡུར་གནང་བ་དང་། འཛིན་གྲྭ་བརྒྱད་པ་དང་བདུན་པའི་སློབ་མ་རྣམས་ཀྱིས་དག་ཆ་འགྲན་བསྡུར་གནང་ཡོད་པ་ཡིན། མདོར་ན་ཉིན་དེར་ཁྱོན་སློབ་མ་གྲངས་ལྔ་བརྒྱ་ལྷག་བྱེད་སྒོ་འདྲ་མིན་ནང་འཛུལ་ཞུགས་ཐུབ་པ་བྱུང་ཡོད།



༢༠༡༧ ཟླ་བ་ ༩ ཚེས་ ༡༡

བོད་མིའི་སློབ་གྲྭ་དྲུག་བར་སིལ་སྤོལ་རྩེད་འགྲན་ཚོགས་པ།   
           
རྒྱལ་སྤྱིའི་བོད་ཀྱི་རྩེད་མོ་ཚོགས་པའི་དངུལ་གྲོན་གྱི་རྒྱབ་སྐྱོར་འོག  འདི་ག་ང་ཚོའི་སློབ་གྲྭས་ཕྱི་ཟླ་༩ པའི་ཚེས༢༣ ཉིན་བོད་མིའི་སློབ་གྲྭ་དྲུག་བར་སིལ་པོལ་རྩེད་འགྲན་ཞིག་གོ་སྒྲིག་ཞུས་ཡོད་ལ། འཛུལ་ཞུགས་པ་རྣམས་ནི་རྡ་སྟེང་བོད་ཁྱིམ་དང་། རྡ་ཤོད་བོད་ཁྱིམ་སློབ་གྲྭ  སུ་ཇ་བོད་ཁྱིམ། གྷོ་པལ་པུར་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ་བཅས་བོད་ཁྱིམ་སློབ་གྲྭ་ལྔ་དང་། ཉེ་འཁྲིས་སློབ་གྲྭ་ཅོན་ཏ་ར་སམ་བྷོ་ཊ་གཏན་སློབ་བཅས་ཡིན།
མཐའ་མའི་རྩེད་འགྲན་ནང་སླེབས་པ་ནི་སུ་ཇ་བོད་ཁྱིམ་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ཡིན་ལ། མཐར་འཛུལ་ཞུགས་ཁྲོད་ནས་ཡང་རྩེར་སོན་པ་ནི་སུ་ཇ་བོད་ཁྱིམ་ཡིན་ལ། ཉིན་གཉིས་ཀྱི་རྩེད་མོའི་འགྲན་བསྡུར་ནི་མིང་ཙམ་ལས་འདས་ཏེ། ཚང་མས་ཞེ་སྡང་དང་འདོད་སེམས་དོར་ཏེ་ཞི་འགྲིག་དང་། མཐུན་ལམ་ངང་ལེགས་གྲུབ་བྱུང་ཡོད།



༢༠༡༧ ཟླ་བ་ ༩ ཚེས་ ༡༦

ཀྲི་སྦི་ནད་གཞི་རྩ་མེད་ཀྱི་ལས་འགུལ།    
  
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལྷན་ཁང་གི་འདི་ལོའི་དམིགས་བྱ་གཙོ་བོ་བོད་མིའི་སྤྱི་ཚོགས་ནང་ཀྲི་སྦི་ནད་གཞི་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་གཞིར་བཟུང་།  ཕྱི་ཟླ་དགུ་པའི་ཚེས་༡༡ ཉིན་ནས་བདུན་གཅིག་ཙམ་གྱི་རིང་བདེ་ལེགས་སྨན་ཁང་ནས་གཙོ་བོ་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱི་སྣེ་འཁྲིད་འོགསློབ་གྲྭའི་ནང་དགེ་ལས་སློབ་ཕྲུག་ཕོ་མོ་ཡོད་དོ་ཅོག་ལ་གཟུགས་གཞི་བདེ་ཐང་ཡན་མིན་བརྟག་དཔྱད་དང་། ཀྲི་སྦི་ནད་འབུ་ཇི་ཙམ་ཡོད་མིན་འཚོལ་ཕྱིར་སྨན་དཔྱད་(Mantoux test) ཞེས་པའི་བརྟག་དཔྱད་བརྒྱུད་སྐུལ་བྱས་པ་མ་ཟད། དོགས་ཡོད་ལས་བྱེད་དང་སློབ་ཕྲུག་མང་པོ་སྨན་ཁང་དུ་བསྐྱོད་དགོས་པ་ཡང་བྱུང་ཡོད་ལ། ཀྲི་སྦི་འབུ་གྲངས་མང་བ་རྣམས་ལ་ཟླ་བ་གསུམ་གྱི་སྨན་ཡང་གཏང་རྒྱུ་འགོ་འཛུགས་བྱས་པས། འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཆེན་པོ་ཞིག་ལེགས་གྲུབ་བྱུང་།






༢༠༡༧ ཟླ་བ་ ༩ ཚེས་ ༡༡

ཚན་རིག་ཉིན་མོ།    
      
ཚན་རིག་ཉིན་མོ་ནི་སློབ་མའི་རིག་རྩལ་གོང་འཕེལ་དང་། དེང་རབས་ཚན་རྩལ་གྱི་ཤེས་བྱ་རྒྱུས་ཡོང་ཕྱིར། ཕྱི་ཟླ་༩ ཚེས་ ༡༡  ཉིན་ཞོགས་པ་འདུ་འཛོམས་ནས་འགོ་འཛུགས་ཏེ་ཐོག་མའི་ཆ་ལ་ཚན་རིག་ཚོགས་ཆུང་གི་ཚོགས་གཙོ་རྒན་དབང་དགའ་ལགས་ནས། མིའི་བྱུང་རབས་དང་མི་ཡི་ཐུན་མོང་མ་ཡིན་པའི་བསམ་བློའི་ནུས་པའི་སྐོར་གཏམ་བཤད་གནང་བ་དང་། དེ་ནས་རིམ་པའི་འཛིན་གྲྭ་རེས་མོས་བཞིན་ཚོགས་ཐུན་དང་པོ་ནས་སློབ་ཕྲུག་རང་ངོས་ནས་བཟོ་སྒྲིག་བྱས་ཚན་རིག་གི་བྱེད་སྒོ་མང་དག་ཅིག་ལ་འགྲེལ་བཤད་དང་འགྲེམས་སྟོན་བྱ་རྒྱུའི་གོ་སྐབས་དང་། ལྷག་པར་ཉེ་འདབས་སམ་བྷོ་ཏ་གཏན་ཉིན་སློབ་གྲྭའི་སློབ་ཕྲུག་རྣམས་ལའང་དེ་ལྟར་གཟིགས་ཞིབ་བྱ་རྒྱུའི་གོ་སྐབས་བྱུང་ཡོད།




༢༠༡༧ ཟླ་བ་ ༩ ཚེས་ ༢

མང་གཙོའི་དུས་ཆེན་ཐེངས་༥༧་སྲུང་བརྩི་ཞུས་པ།

དེང་དུས་འཛམ་བུ་གླིང་སྤྱི་སྲོལ་དང་མཐུན་པར་བོད་འབངས་རྣམས་ཀྱང་མང་གཙོའི་ལམ་ཐོག་ཤར་སྐྱོད་བྱ་དགོས་པའི་དགོངས་བཞེས་དཀྱེལ་ཡངས་ཀྱི་ཉི་འོད་ལ་བརྟེན་ནས། ཕྱི་ལོ་༡༩༦༠ ལོ་ནས་ད་ལྟ་བར་བོད་མི་རྣམས་མང་གཙོའི་ལམ་དུ་བསྐྱོད་རྒྱུའི་གོ་སྐབས་བྱུང་བ་དང་།  དེ་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ལོ་ལྟར་བོད་མིའི་ཚོགས་སྡེ་ཁག་གཞན་བཞིན་ང་ཚོའི་སློབ་གྲྭས་ཀྱང་ལོ་ལྟར་ཉིན་མོ་འདི་སྲུང་བརྩི་ཞུ་བཞིན་པ་ལྟར།  འདི་ལོ་ཡང་ཞོགས་པ་སློབ་གྲྭའི་ཚོགས་ཁང་ནང་དུ་དགེ་སློབ་མཉམ་འཛོམས་ཐོག་སློབ་གྲྭའི་ནང་སྐུ་མགྲོན་གྱི་གཙོ་བོ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ངོ་ཚེ་རིང་རྡོ་རྗེ་མཆོག་གདན་འདྲེན་ཞུས་པ་དང་།  དེ་ཡང་ཐོག་མར་བློ་གཏེེར་ཚོགས་ཁང་ནང་དགེ་སློབ་ཐུན་མོང་གིས་མང་གཙོ་གསར་བཞད་ཀྱི་གླུ་དབྱངས་རྔ་རོལ་དང་བཅས་པ་བླངས་ཏེ། དེ་ནས་སློབ་གྲྭའི་སློབ་སྤྱི་མཆོག་གིས་སྤྱིར་མང་གཙོའི་དགེ་སྐྱོན་དང་། ཡང་སྒོས་བོད་ཀྱི་མང་གཙོའི་འཕེལ་རིམ་སྐོར་གཏམ་བཤད་གནང་བ་མ་ཟད། རིམ་པའི་སྐུ་མགྲོན་གཙོ་བོ་མཆོག་གིས་མང་གཙོའི་འགན་འཁུར་དང་། མང་གཙོ་ཁེ་དབང་སྐོར་གཏམ་བཤད་གནང་བ་དང་། མཐར་སློབ་མ་ཆུང་བས་གླུ་གཞས་དང་། སློབ་མ་རྒན་པས་སྡིངས་ཆའི་སྟེང་སྒོར་གཞས་འཁྲབ་སྟོན་ཞུས་ཏེ་མཛད་སྒོ་མཇུག་སྒྲིལ་བ་བྱུང་།



༢༠༡༧ ཟླ་བ་ ༨ ཚེས་ ༢

བུ་དང་བུ་མོའི་རུ་ཁག་ནང་ཁུལ་རྐང་རྩེད་སྤོ་ལོའི་འགྲན་བསྡུར། 
        
སློབ་མའི་ནང་གི་ཤེས་ཡོན་འཚར་ལོངས་ཙམ་མིན་པར་ཕྱིའི་ལུས་སྟོབས་བདེ་ཐང་གནས་ཕྱིར་རྩེད་མོ་དེ་ནི་ཆ་ཤས་གལ་ཆེན་ཞིག་ཡིན་པར་བརྟེན། ལོ་ལྟར་ཕྱི་ཟླ་བརྒྱད་པའི་ནང་རུ་ཁག་ནང་ཁུང་རྐད་རྩེད་སྤོ་ལོ་འགྲན་བསྡུར་བྱེད་བཞིན་ཡོད་ལ། འདི་ལོ་ཡང་འགྲན་བསྡུར་ནང་ཁྱོན་བུ་དང་བུ་མོའི་རུ་ཁག་༥༦ ཙམ་ཡོད་ལ།  སློབ་ཕྲུག་ཚོས་དགའ་སྣང་ངང་རང་ངོས་ནས་སྦྱོང་བརྡར་དང་། རུ་ཁག་ནང་ཁུལ་གྱི་སྒྲིག་ཆས་གོ་སྒྲིག་དང་སློབ་གྲྭའི་རྩེད་མོའི་དགེ་རྒན་དྲུང་ནས་གཡར་པོ་ཞུས་ཏེ་རང་འགན་རང་འཁུར་བྱེད་བཞིན་ཡོད། སྐབས་དེར་དངོས་གཞིའི་རྩེད་འགྲན་ཚུགས་སྐབས་སློབ་གྲྭའི་རྩེད་རིགས་ཚོགས་ཆུང་དང་། དམིགས་བསལ་སློབ་ཕྲུག་ཚོགས་ཆུང་ནས་འཁུར་བཞེས་ཏེ་རྩེད་མོའི་དགེ་རྒན་དང་ཁང་ཚན་དགེ་རྒན་རྣམས་ཀྱིས་དངོས་གཞིའི་གཟིགས་རྟོགས་ཞུས་ཏེ།  ཐོག་མའི་ཆར་བྱམས་པ་གླིང་དང་།  ཨ་མའི་སྐྱེས་རིང་རུ་ཁག་གཉིས་བར་ཐོག་མའི་འགྲན་བསྡུར་བྱས་ཏེ།  རིམ་པའི་ཟླ་བ་དེ་ཡི་ཚེས་ ༣༠  ཉིན་མཇུག་རྫོགས་པར་བྱས།




༢༠༡༧ ཟླ་བ་ ༦ ཚེས་ ༣༠

རིགས་ལམ་ཆེད་ལས་རྒན་ངག་དབང་བརྩོན་ལགས་ཆེད་ཕེབས་གནང་བ།     
  
ཕྱི་ལོ ༢༠༡༧ ལོའི་ཕྱི་ཟླ་༦ ཚེས་ ༣༠ནས་ཚེས་༥ ཉིན་ཁྱོན་ཉིན་དྲུག་རིང་འདི་ག་སློབ་གྲྭའི་ནང་ཆེད་དུ་ཤེས་རིག་ལས་ཁུངས་ནས་མངགས་གཏོང་མཛད་པའི་རྟོགས་ཞིབ་པ། རིགས་ལམ་ཆེད་ལས་རྒན་ངག་དབང་བརྩོན་འགྲུས་ལགས་ཆེད་ཕེབས་གནང་བ་དང་། ཁོང་གིས་སྔ་དགོང་རིགས་ལམ་རྩོད་རྭ་དང་། ཚོགས་ཐེངས་ཁག་ལ་གཟིགས་ཞིབ་གནང་དང་སློབ་ཁྲིད་གནང་བ་མ་ཟད། ཁོང་གིས་འཛིན་གྲྭ་བདུན་པ་མན་གྱི་སློབ་ཕྲུག་ཚོར་རིགས་ལམ་རྩོད་གཞིའི་ཐད་སྔར་ལས་ལྷག་པའི་འདུན་པ་སྐྱེད་ཡོད་པའི་གཟིགས་ཚུལ་བྱུང་ལ། ལྷག་པར་མ་འོངས་པར་རིགས་ལམ་ཐོག་ནུས་པ་ཐོན་ཕྱོགས་ཐད་ལམ་སྟོན་བཀའ་སློབ་ཀྱང་གནང་ཡོད་པ་ཡིན།



༢༠༡༧ ཟླ་བ་ ༧ ཚེས་ ༦

འཁྲུངས་སྐར་བསུ་བ། བཀྲ་ཤིས་་་་ཁ་དྲོ།

ཕྱི་ཟླ་ ༧ པའི་ཚེས་ ༦  ཉིན་དེ་ནི་བོད་མི་མགོ་ནག་ཡོད་དོ་ཅོག་ལ་ཧ་ཅང་སྐལ་བཟང་གི་ཉིན་ཞིག་ལ་འགྱུར་ཡོད་པ་ནི། ༸རྒྱལ་བའི་སྐུ་ཡི་འཁྲུངས་སྐར་ཡིན་པ་རེད། སྐབས་དེར་སྔ་དྲོ་ཆུ་ཚོད་བདུན་པའི་ཐོག་ལས་སློབ་ཚང་མ་ཚོགས་ཁང་ནང་ཚང་འཛོམས་བྱས་ཏེ་བསངས་གསོལ་བཏང་བ་དང་། རིམ་བཞིན་མཛད་སྒོ་དངོས་སུ་ཚུགས་ཏེ་སློབ་སྤྱི་མཆོག་གི་དགའ་དད་སྤྲོ་གསུམ་ངང་དགའ་སྤྲོའི་གཏམ་བཤད་ཀྱི་མདུན་བསུས་ཏེ་གློག་ཀླད་བརྒྱུད་༸རྒྱལ་བའི་སྐུ་ཚེའི་ལོ་རྒྱུས་ཡོད་དོ་ཅོག་ཉུང་ངུ་དོན་བསྡུས་བྱས་ཏེ་གྱང་སྟེང་དུ་བསྟན་གནང་བ་དང་། དེ་ནས་སློབ་ཕྲུག་༡༠༠ ཙམ་འཛུལ་ཞུགས་ཡོད་པའི་༸རྒྱལ་བའི་དཔེ་དེབ་ལྗགས་ཀློག་ཞེས་པའི་ལས་འགུལ་འོག་དབྱིན་བོད་སྐད་ཡིག་གང་རུང་ནང་དཔེ་ཀློག་བྱས་པའི་དེབ་རིགས་འདྲ་མིན་མང་པོར་འགྲེལ་བརྗོད་དང་། ནང་དོན་བརྗོད་འགྲེལ་བྱས་པ་བཅས་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དངོས་སུ་འགྱུར་བ་བྱས་པ་མ་ཟད། ཉིན་དེར་ལས་སློབ་ཚང་མར་སློབ་གྲྭའི་ཡིག་ཚང་ནས་དམིགས་བསལ་ཞལ་ལག་འདེགས་འབུལ་བྱས་ཏེ་བླ་མར་སེམས་དད། སྤྱི་བར་ཤ་ཚ་ཞེས་པའི་ལག་ལེན་གྱི་ནུས་པ་སྐྱེད་བསྲིངས་བྱས་ཡོད།  



༢༠༡༧ ཟླ་བ་ ༦ ཚེས་ ༢༡

འཛིན་གྲྭ་དང་པོ་ནས་གསུམ་པ་བར་གྱི་བོད་སྐད་སྙན་ཚིག་འགྲན་བསྡུར།      
   
ཕྱི་ཟླ༦ པའི་ཚེས་ ༢༡  ཉིན་འཛིན་གྲྭ་དང་པོ་ནས་གསུམ་པ་བར་ཕྱི་དྲོ་ཚོགས་ཐུན་དྲུག་པར་སློབ་གྲྭའི་བློ་གཏེར་ཚོགས་ཁང་ནང་ལ་སྙན་ཚིག་འགྲན་བསྡུར་ཚུགས་ཡོད།  སྐབས་དེར་བརྗོད་གཞི་འདྲ་མིན་ཡོད་པའི་ཐོག་སློབ་མ་ཆུང་ཆུང་རྣམས་ཀྱིས་རང་གི་ལུས་སེེེམས་གཉིས་ཀྱི་ཉམས་འགྱུར་ཕྱི་རུ་ཤུགས་དྲག་མངོོོན་ནུས་པའི་སྙན་ངག་གི་བརྗོད་གཞི།  བོད་ཀྱི་སྲོག་ཆགས་དང་། ཞི་མི་ཁྲ་ཁྲ། ད་དུང་ང་ཡི་ལྷ་ས་ལྟ་བུ་གྱེར་འདོན་བྱས་ཏེ་དགེ་སློབ་ཡོངས་ཀྱི་བློ་འགུག་ཐུབ་པར་བྱས། སྐབས་དེའི་འགྲན་བསྡུར་ཁྲོད་ནས་ཨང་རིམ་དང་པོ་གསོན་པ་ནི། འཛིན་གྲྭ་གསུམ་པ་བུམ་པས་གྱེར་འདོན་བྱས་པའི་ང་ཡི་ལྷ་ས་ཞེས་པར་ཨང་རིམ་རྩེ་ཕུད་ཀྱི་བྱ་དགའ་ཐོབ།




༢༠༡༧ ཟླ་བ་ ༥ ཚེས་ ༣༠

བཀའ་འགྱུར་རིན་པོ་ཆེ་ལྗགས་ཀློག   
       
ཕྱི་ཟླ་ལྔ་པ་སྟེ་བོད་ལུགས་ས་ཁ་ཟླ་བ་ནི་བདག་ཅག་གི་སྟོན་པ་སྐུ་འཁྲུངས་པ་དང་། བདུད་བཏུལ་བ།  མངོན་པར་རྫོགས་པ་སངས་རྒྱས་པ། མཐར་སྐུ་མྱང་ངན་ལས་འདས་པ་བཅས་དུས་ཆེན་ལྔ་འཛོམས་སུ་འགྱུར་ཡོད་པར་བརྟེན། བོད་མི་ཡོངས་ཀྱིས་བོད་ཟླ་༤པའི་ཚེས་ ༡ ནས་ ༣༠ བར་དམིགས་བསལ་དགོས་པ་དམིགས་བསལ་ཅན་ལ་བལྟས་ནས་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་སོགས་སྡིག་བཤགས་དགེ་སྒྲུབ་ཀྱི་ལས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་བཞིན།  ང་ཚོའི་སློབ་གྲྭའི་ནང་ལའང་ཟླ་བ་འདིའི་རིང་དམིགས་བསལ་ཆོས་དགེ་རིན་པོ་ཆེའི་ལམ་སྟོན་འོག་འཛིན་གྲྭ་བདུན་པ་ཡན་གྱི་སློབ་མ་དང་ལས་བྱེད་རྣམས་ཀྱིས། ཚེས་༣༠ དང་ ༣༡ ཉིན་གཉིས་རིང་སློབ་གྲྭའི་རིག་གཞུང་ཚོགས་ཆུང་གི་བཀོད་སྒྲིག་འོག  རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྒྲོག་སྦྱངས་བྱས་པ་མ་ཟད། སློབ་ཕྲུག་ཚོར་རང་གི་ཕ་མེས་ནས་ཡོད་པའི་སྲོལ་རྒྱུན་གྱི་ལམ་སྲོལ་བཟང་པོའི་སྣེ་འཁྲིད་དང་།  དགེ་སྒྲུབ་བྱེད་ཀྱི་ཡོད།




ཚེ་འདས་ཁོང་ལ་མྱ་ངན་གུས་འདུད།         
               
                  འདི་ནས་ཤི་འཕོས་གྱུར་མ་ཐག །          དགའ་ལྡན་སྐྱེ་ནས་ཡིད་དགའ་བར། །
              མྱུར་དུ་བྱམས་མགོན་མཉེས་བྱས་ན། །     ་བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །

སྤྱི་ཟླ་དྲུག་པའི་ཚེས་ ༡༦ ཉིན་ཞོགས་པ་འཛིན་གྲྭ་ཚུགས་པའི་དུས་སུ་སློབ་གྲྭའི་དགེ་རྒན་རྒན་གྲས་བོད་དགེ་དབུ་རྒྱན་ཆོས་འཕེལ་ལགས་སྐུ་འཚོ་བཞུགས་མ་བྱུང་བའི་བློ་ཕམ་གྱི་གནས་ཚུལ་བྱུང་།  བློ་ཕམ་གྱི་གནས་ཚུལ་དེ་བྱུང་མ་ཐག་འཛིན་གྲྭ་བདུན་པ་ཡན་དང་། དགེ་རྒན་རྣམས་ཚོགས་ཁང་ནང་ཚང་འཛོམས་བྱས་ཏེ། བཟང་སྤྱོད་སྨོན་ལམ་དང་།  མ་ནི་འདོན་རྒྱུ་འགོ་འཛུགས་པ་མ་ཟད།  སློབ་གྲྭའི་བདེ་འཇགས་ཚོགས་གཙོའི་སྣེ་འཁྲིད་འོག་ལས་བྱེད་ཚང་མ་མཉམ་འདུས་ངང་འདས་པོའི་རྩིས་བསྐོར་རྒྱུ་དང་།  རྗེས་བཞུགས་ནང་མི་རྣམས་ལ་རོགས་རམ་དང་སེམས་གསོ་བྱ་རྒྱུ་འཐུས། ཕུང་པ་ཕྱིར་འདོན་གྱི་ལས་གཞི་བཅས་ལ་མཉམ་བཞུགས་བྱས།ཁོང་ནི་དགེ་རྒན་ལྷག་བསམ་གཞུང་དྲང་ཞིག་ཡིན་པ་མ་ཟད། སློབ་གྲྭའི་ནང་མི་ལོ་ཧྲིལ་པོ་ཉི་ཤུ་ལྷག་སྲི་ཞུ་བསྒྲུབས་ཏེ་བོད་མིའི་བླ་སྲོག་ལྟ་བུའི་ན་ཆུང་བྱིས་པ་མང་པོར། མ་འོངས་འདུན་ལམ་བཟང་པོའི་ཤེས་ཡོན་གྱི་འཁར་བ་འདེགས་པའི་བྱས་རྗེས་ཆེན་པོ་བཞག་ཡོད་ལ།  དེར་བརྟེན་ཁོང་གི་ཚོགས་བསགས་འབྲས་བུ་འདི་ལ་བརྟེན་ནས་ཕྱི་མ་སླར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་བྱར་སྐྱེ་བའི་སྨོན་འདུན་བསྔོ་བའོ།




༢༠༡༧ ཟླ་བ་ ༥ ཚེས་ ༣༠

བཀའ་འགྱུར་རིན་པོ་ཆེ་ལྗགས་ཀློག  
        
ཕྱི་ཟླ་ལྔ་པ་སྟེ་བོད་ལུགས་ས་ཁ་ཟླ་བ་ནི་བདག་ཅག་གི་སྟོན་པ་སྐུ་འཁྲུངས་པ་དང་། བདུད་བཏུལ་བ།  མངོན་པར་རྫོགས་པ་སངས་རྒྱས་པ། མཐར་སྐུ་མྱང་ངན་ལས་འདས་པ་བཅས་དུས་ཆེན་ལྔ་འཛོམས་སུ་འགྱུར་ཡོད་པར་བརྟེན། བོད་མི་ཡོངས་ཀྱིས་བོད་ཟླ་༤པའི་ཚེས་ ༡ ནས་ ༣༠ བར་དམིགས་བསལ་དགོས་པ་དམིགས་བསལ་ཅན་ལ་བལྟས་ནས་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་སོགས་སྡིག་བཤགས་དགེ་སྒྲུབ་ཀྱི་ལས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་བཞིན།  ང་ཚོའི་སློབ་གྲྭའི་ནང་ལའང་ཟླ་བ་འདིའི་རིང་དམིགས་བསལ་ཆོས་དགེ་རིན་པོ་ཆེའི་ལམ་སྟོན་འོག་འཛིན་གྲྭ་བདུན་པ་ཡན་གྱི་སློབ་མ་དང་ལས་བྱེད་རྣམས་ཀྱིས། ཚེས་༣༠ དང་ ༣༡ ཉིན་གཉིས་རིང་སློབ་གྲྭའི་རིག་གཞུང་ཚོགས་ཆུང་གི་བཀོད་སྒྲིག་འོག  རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྒྲོག་སྦྱངས་བྱས་པ་མ་ཟད། སློབ་ཕྲུག་ཚོར་རང་གི་ཕ་མེས་ནས་ཡོད་པའི་སྲོལ་རྒྱུན་གྱི་ལམ་སྲོལ་བཟང་པོའི་སྣེ་འཁྲིད་དང་།  དགེ་སྒྲུབ་བྱེད་ཀྱི་ཡོད།




༢༠༡༧ ཟླ་བ་ ༥ ཚེས་ ༢༧

སྐུ་ཡི་འཁྲུངས་སྐར་དང་སྟབས་བསྟུན་རྐང་བྲོ་གླུ་གཞས་འགྲན་བསྡུར།

དེ་ལྟར་ང་ཚོའི་བལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་ལྷ་གཅིག་སྐྱབས་མགོན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་མོའི་སྐུ་ཡི་འཁྲུངས་སྐར་དང་སྟབས་བསྟུན་ཏེ། ཕྱི་ལོ་༢༠༡༧ ཕྱི་ཟླ་༥ ཚེས་༢༧ ཉིན་དགའ་སྟོན་སྔ་བསྣུར་གྱིས་ཁོང་གི་མཛད་རྗེས་དང་། འཛམ་གླིང་ཡོངས་དང་ཡང་སྒོས་བོད་ཁ་བ་གངས་ཅན་གྱི་བདེ་སྡུག་ཐོག་ནམ་ཡང་གཟིགས་པ་ཆེ་ཆེར་བསྐྱོན་གནང་བའི་གཟི་བརྗིད་དང་། བཀའ་དྲིན་རྗེས་སུ་དྲན་ནས་འདི་ག་སློབ་གྲྭའི་ནང་།  ཁང་ཚན་བཞིའི་བར་བོད་ཀྱི་སྲོལ་རྒྱུན་རྐང་བྲོ་གླུ་གཞས་འགྲན་བསྡུར་བྱས་པ་དང། 
སྐབས་དེར་སྐུ་མགྲོན་གྱི་གཙོ་བོ་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་རྒན་ཐུབ་བསྟན་རྡོ་རྗེ་ལགས་གཙོས།  ཤེས་ཡོན་འགན་འཛིན་དང་། ཕྱོགས་མཐའ་ཁག་གི་སློབ་སྤྱི་དང་ཁང་ཚན་དགེ་རྒན་བཅས་ཕེབས་ཡོད་པ་མ་ཟད།  ཉིན་དེའི་གཞས་དང་ཞབས་བྲོའི་རིགས་རྣམས་ཧ་ཅང་ཕུན་སུམ་ཚོགས་པ་བྱུང་ཡོད་་པ་ཀུན་གྱིས་བསྟོད་ཡུལ་དུ་འགྱུར་ཡོད་པ་བྱུང་ཡོད།  ལྷག་པར་དུ་འགྲན་བསྡུར་ཙམ་དུ་མ་ཟད་གཞས་དང་ཞབས་བྲོའི་ནང་སློབ་མ་ཁྱོན་༥༠༠ ལྷག་འཛུལ་ཞུགས་བྱས་ཐུབ་ཡོད་པ་ནི་ཧ་ཅང་གོ་སྐབས་དང་། ནུས་པ་ཅན་དུ་འགྱུར་ཡོད་པའི་བྱེད་སྒོ་འཁྲུལ་མེད་་ཞིག་ཡིན། མཐའ་མའི ༢༠༡༧ ཡི་ཅོན་ཏ་ར་སློབ་གྲྭའི་རྐང་བྲོ་གླུ་གཞས་འགྲན་བསྡུར་གྱི་བརྒྱ་ཆའི་ཨང་རིམ་དང་པོ་སོན་པ་ནི་ཁྲི་རལ་ཁང་ཚན་ཡིན། ལེགས་པར་བསྟོད་དོ།




༢༠༡༧ ཟླ་བ་ ༤ ཚེས་ ༡༥

ཅོན་ཏ་ར་བོད་ཁྱིམ་འགན་འཛིན་འཕོ་འགྱུར་གྱི་མཛད་རིམ།  
 
འདི་ལོ་བོད་ཁྱིམ་སློབ་གྲྭ་སྤྱི་ཡོངས་ལ་འགན་འཛིན་འཕོ་འགྱུར་བྱུང་ཡོད་པ་བཞིན། ང་ཚོའི་སློབ་གྲྭའི་ནང་དུའང་འཕོ་འགྱུར་གྱི་རིགས་ཁ་ཤས་བྱུང་ཡོད་པ་ནི། ཐོག་མར་དགེ་ཆེ་ཟླ་བ་རྒྱ་མཚོ་ལགས་སློབ་གྲྭ་འདི་ནས་བོད་ཁྱིམ་གྷོ་པལ་པུར་དུ་ལས་གནས་སྤོས་པ་དང་། དེ་ཡི་ཚབ་ཏུ་དགེ་ཆེ་ཕྱག་རོགས་རྒན་ཀརྨ་བཀྲ་ཤིས་ལགས་གནས་འཕར་གྱིས་དགེ་ཆེའི་ལས་གནས་ལ་བསྐོ་བཞག་བྱས། དེ་ནས་དགེ་ཆེ་ཕྱག་རོགས་ཀྱི་གནས་རིམ་ཐོག་སྤྱི་ཚོགས་རིག་གནས་ཀྱི་རྒན་ཆོས་སྟོབས་བཀྲ་ཤིས་ལགས་བསྐོ་བཞག་བྱས་ཡོད་པ་མ་ཟད། ཕྱི་ཟླ་༤པའི་ཚེས་ཉིན་བློ་གཏེར་ཚོགས་ཁང་ནས་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཏེ་སློབ་སྤྱི་གཙོས་པའི་དགེ་ཆེ་རྣམ་པས་ལས་གནས་འཕོ་བསྒྱུར་གྱི་གཏམ་བཤད་སྤེལ།






༢༠༡༧ ཟླ་བ་ ༤ ཚེས་ ༤

ས་ཡོམ་གྱི་གོད་ཆག་ལས་སྐྱོབ་ཐབས་ཀྱི་རྩལ་སྦྱོང་།

འདི་ནི་ལོ་རྒྱུས་དང་འབྲེལ་ཏེ་སྔ་མོ་ཕྱི་ལོ་༡༩༠༥ སྤྱི་ཟླ ༤ པའི་ཚེས༤ ལོར་ཀང་ར་རྫོང་ནང་ས་ཡོམ་གྱི་གོད་ཆག་བྱུང་ནས་ཡུལ་མི་སྟོང་ཕྲང་ ༡༩,༠༠༠༠ ལྷག་ཤི་རྨས་བྱུང་བ་དང་ སྐབས་དེ་ནས་བཟུང་ཡུལ་མི་རྣམས་ཀྱི་དེར་དོགས་ཟོན་བྱ་ཡུལ་ཞིག་ཏུ་འགྱུར་བ་མ་ཟད། རྗེས་དྲན་གྱི་ཚུལ་དུ་ལོ་ལྟར་ང་ཚོའི་སློབ་གྲྭའི་ནང་ལའང་དུས་ཚོད་དེ་དང་སྟབས་བསྟུན་ནས། ཕྱི་ཟླ་༤ ཚེས ༤ ཞོགས་པའི་ཕྱག་ཚོས་ ༡༡ ཐོག་ལས་སློབ་ཆ་ཚང་འཛིན་གྲྭ་ཚུགས་བཞིན་པའི་སྐབས་དང་བསྟུན་ཏེ། ་སྦྱོང་བརྡར་བྱེད་བཞིན་ཡོད་ལ། སྐབས་དེར་སློབ་གྲྭའི་ལས་བྱེད་རྣམས་ལའང་ལས་བསྐོས་བྱས་ཏེ། ས་ཡོམ་དངོས་སུ་སླེབས་པ་ལྟར་སྟ་གོན་གྲ་སྒྲིག་དང་། སྦྱོང་བརྡར་བྱེད་བཞིན་ཡོད་པ་ཧ་ཅང་ཚགས་ཚུད་བྱུང་།






༢༠༡༧ ཟླ་བ་ ༣ ཚེས་ ༢༨

སིལ་པོལ་རྩེད་འགྲན་དབུ་འཛུགས་པ།       

བོད་ཁྱིམ་ཅོན་ཏ་རའི་ནང་སློབ་མའི་འབྲི་ཀློག་གི་ཤེས་ཡོན་ཙམ་ལས་འདས་ཏེ་རྩེད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག་རྩེད་མོའི་རིགས་གང་མང་གོ་སྒྲིག་ཞུ་བཞིན་ཡོད་ལ། འདི་ལོ་སིལ་པོལ་རྩེད་འགྲན་ནི་སློབ་མ་ཚོས་མཉམ་བསྡེབས་བྱས་ཏེ་རྩེད་མོར་རོལ་བའི་ཐོག་མའི་ལས་གཞི་ཡིན། འདི་ལོ་༢༠༡༧ ཕྱི་ཟླ་༣ པའི་ཚེས་ ༢༨ ཉིན་སིལ་པོལ་སྦྱོང་བརྡར་མཇུག་བསྒྲིལ་ཏེ། དངོས་སུ་ཁང་ཚན་བཞིའི་བར་འགྲན་བསྡུར་དབུ་མཛུགས་པ་དང་།  ཕྱི་ཟླ ༤པའི་ཚེས ༡༨ ཉིན་དངོས་སུ་བུ་དང་བུ་མོ་རྒན་གཞོན་བྱས་ཏེ་ཕོ་མོ་གཉིས་ཀྱི་རྩེད་འགྲན་འགོ་འཛུགས་པ་དང་།  ཕྱི་ཟླ་༤ པའི་ཚེས་༥ ལ་མཐའ་མའི་རྩེད་འགྲན་ཚུགས་ཏེ་ཕྱོགས་ཡོངས་ནས་སིལ་པོལ་འགྲན་བསྡུར་ཨང་རིམ་དང་པོ་གསོན་པ་ནི་གཉའ་ཁྲི་ཁང་ཚན་ཡིན།



༢༠༡༧ ཟླ་བ་ ༣ ཚེས་ ༢༤

འཛམ་གླིང་གློ་ནད་ཀྲི་སྦི་ཉིན་མོ།

                             “མཉམ་སྦྲེལ་ངང་ཀྲི་སྦི་ནད་གཞི་རྩ་མེད་གཏང་ནུས།”

ལོ་ལྟར་བཞན་འདི་ལོ་ཡང་འཛམ་གླིང་ཀྲི་སྦི་ཉིན་མོ་ཞེས་སློབ་གྲྭའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྣེ་འཁྲིད་འོག་སྲུང་བརྩི་གྲ་རྒྱས་ཞུས་ཡོད་པ་མ་ཟད། འདི་ལོའི་འཛམ་གླིང་ཀྲི་སྦི་ཉིན་མོའི་རྩ་དོན་གཙོ་བོ་ང་ཚོས་མཉམ་འབྲེལ་ངང་ཀྲི་སྦི་རྩ་མེད་བཏང་ནུས་ཟེར་བ་དེ་ཡིན།        ཉིན་དེར།

ཀ༽     ཉིན་དེའི་ཞོགས་པ་འཕྲོད་བསྟེན་ཚོགས་ཆུང་གི་ལམ་སྟོན་བཀའ་བགོས་འོག་ཁྱིམ་ཚང་དང་། ལས་བྱེད་ཡོངས་རྫོགས་ནས་རང་གི་ལས་ཤག་གི་སྒེའུ་ཁུང་རྣམས་ཕྱེས་ཏེ། ཉལ་ཁེབས་རྣམས་ཕྱིར་ཉི་མར་བཏོན་ཏེ་ཀྲི་སྦི་ནད་གཞིའི་རྒྱུ་གཙོ་བོ་ཕྲ་སྲིན་རྣམས་གཙང་མ་བཟོ་ཐབས་བྱས།

ཁ༽     སློབ་གྲྭའི་ནང་སློབ་སྤྱི་དབུ་བཞུགས་ཐོག་འཛམ་གླིང་གློ་ནད་ཊི་སྦི་ཡི་ཉིན་མོ་དང་སྟབས་བསྟུན་ཏེ།  དབུས་བོད་མི་སྒྲིག་འཛུགས་སྦིར་ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་ནོར་བཟང་ལགས་དང་། སྨན་ཞབས་པ་ཀརྨ་སྒྲོལ་མ་ལགས་ཆེད་དུ་ཕེབས་ཏེ་ཞོགས་པ་སློབ་མ་རྣམས་ལ་ཀྲི་སྦི་ནད་གཞིའི་སྐོར་གློག་ཀླད་བརྒྱུད་སློབ་མ་རྣམས་ལ་འགྲེལ་བརྗོད་ཞུས་ཏེ་བློ་སྐྱེད་ཡོང་ཐབས་བྱས་ཡོད།

ག༽དེ་མ་ཟད་བརྗོད་དོན་གོ་བདེར་ཡོང་སླད་དམའ་རིམ་སློབ་མ་ཁག་གཅིག་གིས་གཏམ་བརྗོད་ཀྱི་ལམ་ནས་ཀྲི་སྦི་ནད་གཞི་འགོག་སྲུང་ཇི་ལྟར་བྱ་དགོས་མིན་ཐད་འཁྲབ་སྟོན་ཞུས་ཡོད།





༢༠༡༧ ཟླ་བ་ ༣ ཚེས་ ༡༨

དཔྱིད་ཀའི་ཁྲོམ་འདུས་བསུ་བའི་དགོད་སྒྲ།           

ཕྱི་ཟླ་༣པའི་ཚེས་༡༨ ཉིན་སློབ་གྲྭའི་ནང་དགེ་སློབ་ཡོངས་ཀྱིས་མཉམ་འདུས་ངང་དཔྱིད་ཀའི་ཁྲོམ་འདུས་ལ་རོལ་མགོ་ཚུགས་པ་དང། སློབ་སྤྱིའི་དགོངས་པ་བཞིན་འདི་ལོ་སློབ་གྲྭའི་འཛིན་ཁང་གི་ཕྱི་ཚང་མ་རྩི་དཀར་གསར་པ་བཏང་ཡོད་པ་ལ་བརྟེན་ནས། སྔར་དང་མི་འདྲ་འདི་ལོའི་སློབ་གྲྭའི་རྐང་པོལ་རྩེད་ཐད་ཆེན་མོའི་ཐོག་ཁྲོམ་འདུས་ཚུགས་ཡོད་པ་ཡིན། སྐབས་དེར་སློབ་གྲྭའི་ལས་སློབ་ཙམ་མིན་པར་སློབ་ཕྲུག་ཚོས་ཀྱང་དཔུང་པ་མཉམ་བསྡེབས་ཀྱིས་ཁྲོམ་འདུས་དེ་སྐྱིད་སྣང་ལྡན་པ་ཞིག་བཟོས་ཡོད། སྐབས་དེར་སློབ་གྲྭའི་ནང་ཤེས་ཡོན་གྱི་རྭ་བ་གསར་པ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད་པ་མ་ཟད། སློབ་མ་ཚོར་འབྲི་ཀློག་གི་ཤེས་ཡོན་ཙམ་མིན་པར་སློབ་མ་རང་ཚོས་ཁ་ལག་བཟོ་རྒྱུ་དང་། ཕྱི་མི་དང་འབྲེལ་བ་བྱ་རྒྱུ། རང་ཁ་རང་གསོའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་མྱོང་གོམས་ཐུབ་པའི་ཤེས་ཡོན་གྱི་རིགས་མང་པོར་རྒྱུས་ལོན་ཐུབ་པ་ནི་ཧ་ཅང་བསྟོད་དུ་འོས་པའི་གནད་ཞིག་ལ་བྱུང་། ལྷག་པར་འདི་ནས་བྱུང་བའི་དངུལ་ཐོབ་རྣམས་སློབ་གྲྭའི་རྩེད་རིགས་ཚོགས་ཆུང་གི་རྩེད་ཆས་ཉོ་རྒྱུར་གཙོ་བོ་བྱས་པ་ཡིན།






༢༠༡༧ ཟླ་བ་ ༣ ཚེས་ ༡༠

གསུམ་བཅུའི་དུས་དྲན་ཐེངས ༥༨ པ་རྒྱལ་ཁའི་ངང་སྲུང་བརྩི་ཞུས་པ།

དེ་རིང་ནི་སྤྱི་ཟླ་གསུམ་པའི་ཚེས་བཅུ་སྟེ།  བོད་མི་རྣམས་ཀྱི་ནམ་ཡང་བརྗེད་དཀའ་བའི་དུས་ཚེས་ཤིག་ཡིན་ལ། དེ་རིང་ནི་བོད་མི་རྣམས་ཀྱིས་རང་དབང་སྒེལ་ལངས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་༥༨ པ་དེ་ཡིན།  སློབ་གྲྭའི་སློབ་སྤྱི་གཙོས་པའི་འཛིན་གྲྭ་བདུན་པ་ཡན་གྱི་སློབ་མ་དང་དགེ་རྒན་ཡོངས་ནངས་སྔ་མོ་ནས་ཅོན་ཏ་ར་རྒྱ་གར་ཁྲོམ་གཞུང་གི་གཡས་ཕྱོགས་ཐང་སྟེང་དུ་སྦིར་བདེ་ནང་གསུམ་གཙོས་པའི་མི་དམངས་མང་པོ་འདུ་འཛོམས་བྱས་ཏེ། དབུས་བོད་མི་སྒྲིག་འཛུགས་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་ཞུས་ཏེ། བོད་ཀྱི་གྲོགས་པོ་རྒྱ་གར་དབུ་ཁྲིད་ཀྱིས་གཏམ་བཤད་གནང་ཡོད།

དེ་ནས་མི་དམངས་ལྷན་དུ་ཇོ་གྷིན་དར་ན་གར་གྲོང་སྡེར་སྐད་འབོད་དུ་བསྐྱོད་པ་དང་། སྐད་འབོད་དེ་ཡང་ལམ་དབུ་མའི་དགོངས་དོན་བཞིན་ཞི་འཇམ་ལྷོད་པའི་ངང་རྒྱ་བོད་མཐུན་སྒྲིག་གཙོ་བོར་བཟུང་སྟེ་ཞི་བའི་སྐད་འབོད་བྱས་ཡོད་ལ། མཐའ་དོོན་གྷན་དྷི་ཚལ་དུ་རྒྱ་གར་དང་བོད་མི་ལྷན་འཛོམས་ཐོག་མཛད་སྒོ་ཚུགས་ཏེ་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་ཞུས་ཏེ། རོལ་དབྱངས་དང་ལྷན་གསུམ་བཅུའི་དྲན་གླུ་གཏོང་སྟེ།  རིམ་པའི་གནས་དེ་ནས་ཁ་གྱེས།






༢༠༡༧ ཟླ་བ་ ༣ ཚེས་ ༧

སློབ་གྲྭའི་དབུ་འབྱེད་མཛད་སྒོའི་ཉི་གཞོན་གསར་པ།

དེ་ཡང་ཕྱི་ལོ་༢༠༡༧ཕྱི་ཟླ་༣པའི་ཚེས་༧ཉིན་གྱི་སྔ་དྲོའི་ཕྱག་ཚོད་བཅུ་པའི་ཐོགཕྲུ་གུའི་ཕ་མ་དང། ལས་སློབ་མཉམ་འཛོམས་ངང་བློ་གཏེར་ཚོགས་ཁང་ནང་སྐུ་མགྲོན་གྱི་གཙོ་བོ་ཀུན་འཕེལ་ཤར་གླིང་ལགས་ཞབས་སོར་འཁོད་དེ། ཐོག་མའི་ཆར་ཚོགས་ཁང་ནང་གི་ལས་སློབ་ཡོངས་རྫོགས་ཚང་འཛོམས་ཐོག་སློབ་སྤྱི་མཆོག་གིས་སྔོན་འགྲོའི་གསུང་བཤད་དང་། དེ་ནས་རྒན་ཀུན་འཕེལ་ཤར་གླིང་ལགས་ཀྱིས་ཤེས་ཡོན་ནི་མི་ཚེའི་རིན་ཐང་ཡིན་པ་དང་། ལྷག་པར་དུ་རང་གི་མི་ཚེའི་ནང་དམིགས་ཡུལ་ཡོད་དགོས་པ་ནི་གལ་ཆེ་ནང་གི་དོན་ཆེན་ཡིན་པས་ངེས་པར་དུ་དགོས་ངེས་ཡིན་གསུངས།དེ་ནས་དགེ་ཆེ་ཟླ་བ་ལགས་ཀྱིས་ཐུགས་རྗེ་ཆེའི་གསུངས་བཤད་དང་།སློབ་ཕྲུག་ཤེས་ཡོན་དང་ཀུན་སྤྱོད་ཀྱི་རྩེ་ཏོག་རྣམས་ལ་བྱ་དགའ་གསོལ་རས་རྩལ་ཏེ་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ།






༢༠༡༧ ཟླ་བ་ ༣ ཚེས་ ༥

ཕ་མའི་ཉིན་མོ།

སྤྱིར་དེ་རིང་ནི་སྤྱི་ཟླ་གསུམ་པའི་ཚེས་ལྔ་སྟེ། ཞིང་གཤེགས་དམ་པ་༸རྒྱལ་བའི་ཡུམ་ཆེན་ཨ་མ་བདེ་སྐྱིད་ཚེ་རིང་ལགས་ཀྱི་སྐུ་ཡི་འཁྲུངས་སྐར་ཡིན་པ་དང། དུས་ཚེས་འདི་དང་སྟབས་བསྟུན་ནས་ལོ་ལྟར་བོད་ཁྱིམ་ནང་ཉིན་འདིར་ཕ་མའི་ཉིན་མོ་ཞེས་སྲུང་བརྩི་ཞུས་ཏེ་ཁོང་ལ་རྗེས་དྲན་ཞུ་བཞིན་ཡོད།འདི་ལོ་ཡང་སྔར་རྒྱུན་བཞིན་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་བློ་གཏེར་ཚོགས་ཁང་ནང་གདན་ཞུ་བྱེད་པའི་སྐུ་མགྲོན་གྱི་གཙོ་བོ་བཀའ་དྲིན་ཅན་གྱི་ཕྱི་རྒྱལ་ཨོསི་ཀྲོ་རི་ཡའི་ལྕམ་ཡང་ཀི་མཆོག་གཙོས་པའི་སྦྱིན་བདག་ཁག་བཅུ་གཅིག་ཆེད་ཕེབས་ཀྱིས།  ཁྱིམ་ཚང་ཨ་མ་རྣམ་པ་ལྷན་རྒྱས་ལྷན་འཛོམས་ཐོག་ཕ་མའི་བཀའ་དྲིན།དེ་བཞིན་ཕ་མའི་འགན་འཁུར་སོགས་ཀྱི་སྐོར་བཀའ་སློབ་གཏིང་ཟབ་ཅིག་གནང་རྗེས།ཤེས་ལྡན་ལྷག་བསམ་གྱིས་ཕྱུག་པའི་བཀའ་དྲིན་ཅན་གྱི་སྦྱིན་བདག་རྣམས་ཀྱིས་ཕ་མའི་བྱམས་བརྩེ་དང་བྲལ་བའི་སློབ་ཕྲུག་རྣམས་ཀྱི་སེམས་ལ་སྔར་མེད་ཀྱི་དགའ་སྣང་དང་འཛུམ་མདངས་ཤིག་གི་རྒྱན་ཐུབ་པ་བྱུང་།ཁོང་རྣམ་པ་ཕྱི་ལོ་༢༠༡༧ཕྱི་ཟླ༣ཚེས་གསུམ་དང་བཞི་གཉིས་ལ་སློབ་གྲྭར་བཞུགས་ཡོད།